ཕ་བླ་མ་གུ་རུ་མཁྱེན་བརྩེའི་འོད་ཟེར་ལ་ན་མོ།
༉ དང་པ་ཕ་བཟང་གི་སྒོ་ལ་སྐྱེས་པའི་ང་།
།ཆུང་དུས་བྱམས་བརྩེ་གི་ཕྱག་འཇམ་རྒྱུན་མ་ཆད། །
སྦོམ་དུས་དགོས་མཁོ་བ་ཐམས་ཅད་གང་ཞུ་གནང་།
།རྒྱ་མཚོའི་སྤྱོད་བཟང་པོ་དབང་པོའི་སྔོན་དུ་སྟོན། །
དབང་པོར་སྐྱོན་མ་ཞུགས་གཞན་དང་མཉམ་པའི་ཕོ།
།རང་གཤིས་ངན་ལམ་ལ་མ་གཡོ་ཕོ་བཟང་འགྱུར། །
ཤེས་ཡོན་སྦྱང་པའི་འབྲས་མགོ་འདྲོང་ཐུབ་པར་བཅོས།
།དྲིན་ཆེན་ཡབ་ཡུམ་ལ་ཇི་བཞིན་བྱེད་ནའང་ཆུང་། །
ཕ་མས་ད་ཕུགས་གཉིས་སེམས་ནས་སྐྱོངས་བ་བཟང་།
།ཅུང་ཙམ་བློ་ཆོས་ལ་ཡོད་པ་འདི་ལས་ཡིན། །
གུ་རུ་མཁྱེན་བརྩེའི་འོད་ཟེར་མཇལ་སྐལ་བྱུང་།
།ལས་ངན་འདུལ་མཁས་ལ་་སྐྱབས་མགོན་ཡིན་པར་བསྟེན། །
སངས་རྒྱས་སྐུ་དངོས་ཡིན་སློབ་མས་སེམས་ན་ཡང།
།འདི་ལྟར་མི་བཞུགས་ཅིང་ཕལ་པའི་ངང་ཚུལ་དུ། །
བློ་གསར་སློབ་ཕྲུག་ལ་སློབ་སྟོན་འབད་བཞིན་འཁྲིད།
།ཕ་མས་ནད་བུ་ལ་ཕང་བཞིན་སྨན་ཆོས་གནང་། །
ད་ལྟའི་འགྲོ་མི་གིས་འཚོལ་བའི་བླ་མ་མཆོག
།འཁོར་བའི་མི་ཡུལ་དུ་བྱོན་པ་ཡ་མཚན་ཆེ། །
བདེ་ཆེན་ཆོས་གླིང་ནས་འགྲོ་དོན་འཛམ་གླིང་ཁྱབ།
།ཕྱོགས་བཅུའི་དད་ཅན་གྱིས་སྙིང་གི་གུས་ཕྱག་མཆོད། །
ཞལ་འཛུམ་མཚར་མི་མཚར་མོས་གུས་ཡིད་དཀྱིལ་ཤར།
།གསུངས་སྙན་གོ་བ་ཞིག་སྐྱོ་ཤས་མིག་ཆུ་འབབ། །
སྐུ་གཟུགས་མཇལ་ཙམ་གྱིས་ཕལ་པའི་འཇིག་ཉེན་ཤེས།
།ཨེ་མ་བླ་མ་གི་འདུལ་ཐབས་མཆོག་ཏུ་ཕན། །
སྐུ་ལ་སྙུང་གཞི་ཡི་གྲི་གིས་གཅོད་ན་ཡང་།
།ཚོགས་འཁོར་ཉིན་མ་བདུན་འགྲོ་བའི་དོན་དུ་གནང་། །
བླ་མཆོག་ཨྱོན་གཉིས་གཅིག་འདྲེས་ནུས་མཐུ་ཡིས།
།ཉེ་འཁོར་གང་ལྟས་ལ་རྫུ་འཕྲུལ་རྣམ་པར་བཀྲ། །
དད་ཅན་ཆེ་ཆུང་མེད་གྲངས་འདས་འདི་རུ་འཛོམས།
།ཁྲི་གདུགས་ཉིན་གཅིག་ཀྱང་མ་ཆད་འཇའ་ཡིས་སྐོར། །
རང་བྱོན་པད་མ་དང་འཁོར་ལོ་མར་མེར་བྲིས།
།འགྲེལ་པ་འདས་པའི་གི་སྤྲིན་དབྱིབས་འགུང་ལ་སྤྲིངས། །
དབུ་ལ་ལུང་བསྟན་པའི་པད་ཞྭ་བཞེས་པའི་དུས།
།གསེར་འོད་ལྷ་ཁང་གི་ཕྱི་ནང་མེད་པར་གསལ། །
དད་མོས་ཡིད་སྤྲུལ་གི་མེ་ཏོག་དབྱིངས་ལ་ཁྱབ།
།ས་འདི་བདེ་ཆེན་གྱི་ཞིང་ཁམས་དབྱེར་མེད་ཚོར། །
རྒྱུད༌ལ༌དགའ༌བ༌གི༌ཉི༌མ༌དགུང༌སྙེགས༌དུས།
།མུན༌སེལ༌ཉ༌གང༌ཟླཝ༌ལ༌རྒྱབ༌འཛུལ༌བར༌དགོངས། །
སྐུ་གཟུགས་སྙུང་གཞི་གིས་འཛིན་པའི་ཚུལ་དུ་གཟིམ།
།རྨོངས་སེམས་ང་བཅས་ནི་སྐུ་ངལ་བཞེསཔ་མས་མནོ། །
ནང་དུ་སྐུགས་པའི་རྗེས་སློབ་མར་གསུངས་པའི་གསུང།
།འཇིག་རྟེན་རྒྱབ་སྐྱུར་ནས་ཞིང་དུ་བཤེགས་ནི་གསུངས། །
སློབ་མའི་ཞིང་ཁམས་ལ་སྤྲིན་གྲིབ་རླུང་ཆར་འབབ།
།རེ་འདུན་གཅིག་ལས་མེད་བླ་མས་དོར་བར་སྐྱོ། །
རང་སོགས་བྱམོ་མེད་པའི་བྱིའུ་ཅུང་འགྱུར་བར་མནོ།
།རྨས་སྐྱེས་ཕམ་མེད་པའི་ཟླཝ་བུཚ་འགྱུར་བར་མནོ། །
རྒྱ་མཚོར་མ་ལྷོདཔ་ལས་གངས་ཆུ་སྐམ་པར་སེམས།
།བླ་མར་འགྲོ་བའི་དོན་མ་བྱོན་བཞུགས་གནང་ཞུ། །
དགུང་ལ་མདའ་ལམ་བཞིན་སྤྲིན་དཀར་ཐིངས་མི་འདི།
།མཁའ་འགྲོའི་དར་སྣ་ལྔ་བླ་མ་བསུ་བར་མས། །
བསམ་ཞིང་ཡིད་དཀྱིལ་ལས་ཅི་བྱེད་མི་ཤེས་དོར།
།ཆོས་གྲོགས་ཉིན་མཚན་མེད་མ་བྱོན་ཞུ་རུ་སླེབས། །
ཞུ་བཞིན་དཀར་སྦི་སའི་བླ་མ་བྱོན་ནས་ནི།
།མོན་པ་ང་འཚོ་གིས་མ་ཚུགས་བླ་མས་ཐུབ། །
ཉ་གང་ཟླ་བ་མཆོག་དགུང་ལ་བཞུགས་པར་གསུངས།
།བདག་སོགས་འདི་ལས་ལྷག་སྐལ་བ་བཟང་ཐབས་མེད། །
སྙུང་གཞི་དྭངས་ཕྱིར་དུ་ཕྱི་རྒྱལ་སྨན་ཁང་བྱོན།
།འདིར་ལུས་མགྲིན་གཅིག་ཏུ་སྨོན་ལམ་མ་ཆད་ཚོགས། །
རང་རེའི་དད་མོས་བསྟུན་འགྲོ་མགོན་བླ་མ་མཆོག
།ཐུན་དང་སྨོན་ལམ་གྱི་སྤྱི་བོའི་གཙུག་ཏུ་སྒོམ། །
བླ་མ་སྙུང་གཞི་ལས་དྲག་པའི་གནས་ཚུལ་འདི།
།རང་ཉིད་ནད་གཞི་ལས་སངས་བཞིན་སྙིང་ལ་ཚོར། །
སྔར་ལས་རྒྱ་ཆེ་བར་འགྲོ་དོན་ཁྱབ་པར་ཤོག
།གངས་ཆུ་རྒྱ་མཚོ་ལ་འགྲོ་བའི་གྲོགས་མཛད་ཤོག །
ILiveLove
Comments
Post a Comment